1 Timóteo 3

BOD

1 མི་ཞིག་གིས་ཆོས་ཚོགས་ཀྱི་དོ་དམ་པའི་ལས་འཛིན་འདོད་ན། ལས་འཛིན་མཆོག་འདོད་དོ་ཞེས་པའི་གཏམ་འདི་ནི་ཁས་ལེན་བྱེད་འོས་པ་ཞིག་ཡིན།

2 དོ་དམ་པ་ནི་སྐྱོན་བརྗོད་རྒྱུ་མེད་པ་དང༌། བུད་མེད་གཅིག་གི་ཁྱོ་ག་ཡིན་པ། བག་དང་ལྡན་པ། རང་ཚོད་ཟིན་པ། སྤྱོད་ལམ་བཟང་པོ། མགྲོན་པོ་གང་ཡིན་ལ་སྣེ་ལེན་བྱེད་མཁན། སློབ་དཔོན་བྱེད་ཐུབ་པ།

3 ར་བཟི་མཁན་ནམ་གདུག་རྩུབ་ཅན་མ་ཡིན་པ། སེམས་དུལ་པོ། མཐུན་པ་ལ་དགའ་བ། དངུལ་ལ་མི་ཆགས་མཁན།

4 རང་གི་ཕྲུ་གུ་རྣམས་ཁ་ལ་ཉན་པོ་དང་ཡ་རབས་ཀྱི་ཚུལ་དང་ལྡན་ཏེ་ཁྱིམ་ཚང་ལེགས་པར་སྐྱོང་མཁན་ཡིན་དགོས།

5 མི་ཞིག་གིས་རང་གི་ཁྱིམ་ཚང་སྐྱོང་སྟངས་མ་ཤེས་ན། དཀོན་མཆོག་གི་ཆོས་ཚོགས་ཇི་ལྟར་སྐྱོང་ཐུབ།

6 ང་རྒྱལ་སྐྱེས་ནས་བདུད་ཀྱི་ཆད་པ་མི་ཚུད་པའི་ཕྱིར་དོ་དམ་པ་དེ་དད་ལྡན་གསར་པ་ཞིག་མི་རུང༌།

7 དེ་མ་ཟད་སྐྱོན་བརྗོད་རྒྱུ་ཅིའང་མི་ཡོང་ཞིང༌། བདུད་ཀྱི་རྙི་དོང་དུ་མི་ལྷུང་བའི་ཕྱིར་དད་ལྡན་མ་ཡིན་པ་རྣམས་ཀྱིས་ཁོང་ལ་བཀུར་སྟི་བྱེད་འོས་པ་ལྟར་རྩི་དགོས།

8 དེ་དང་འདྲ་བར་ཆོས་ཚོགས་ཀྱི་ལས་འཛིན་པ་རྣམས་ཀྱང་ཡ་རབས་དང༌། ཁ་ཞེ་གཉིས་མེད། ཆང་རག་མང་པོ་མི་འཐུང་མཁན། དངུལ་ལ་མི་ཆགས་པ་བཅས་ཡིན་དགོས་པ་དང༌།

9 རང་གཤིས་བཟང་པོ་དང་ལྡན་ཏེ་དད་སེམས་ཀྱི་གསང་བ་ལ་བརྟན་པོར་འཛིན་མཁན་ཡིན་དགོས།

10 ཁོ་ཚོ་ལ་སྔོན་དུ་ཚོད་ལྟ་བྱེད་དགོས། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་ན་ཆོས་ཚོགས་ཀྱི་ལས་འཛིན་པར་བསྐོ་ཆོག

11 དེ་དང་འདྲ་བར་བུད་མེད་རྣམས་ནི་ཡ་རབས་དང༌། རྒྱབ་བཤད་རྒྱག་མཁན་མིན་པ། བག་དང་ལྡན་པ། རྣམ་པ་ཐམས་ཅད་ལ་བློ་གཏད་ཆོག་པ་ཡིན་དགོས།

12 ཆོས་ཚོགས་ཀྱི་ལས་འཛིན་པ་རྣམས་ཆུང་མ་གཅིག་གི་ཁྱོ་ག་དང༌། རང་གི་ཕྲུ་གུ་དང་ཁྱིམ་ཚང་ལེགས་པར་སྐྱོང་མཁན་ཡིན་དགོས།

13 ལས་འཛིན་པ་ལེགས་པར་བྱེད་མཁན་རྣམས་ལ་གོ་ས་མཐོ་པོ་དང༌། མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བརྟན་པོ་འཐོབ།

14 རིང་པོར་མ་ལོན་པར་ཁྱེད་ཀྱི་རྩར་ཡོང་བའི་རེ་བ་བྱེད་དེ་ངས་དོན་འདི་རྣམས་འབྲི།

15 འོན་ཀྱང་གལ་ཏེ་ང་འགོར་སྲིད་ན། ཁྱེད་ཀྱིས་དཀོན་མཆོག་གི་ཁྱིམ་ཚང་ལ་སྤྱོད་ལམ་ཇི་ལྟར་བྱེད་དགོས་པ་ཤེས་པའི་ཕྱིར་ངས་འབྲི། ཁྱིམ་ཚང་དེ་ནི་གཏན་དུ་གནས་པའི་དཀོན་མཆོག་གི་ཆོས་ཚོགས་དང༌། བདེན་པ་ཉིད་དེའི་ཀ་བ་དང་རྨང་གཞི་ཡིན།

16 ཤ་ཁྲག་བརྒྱུད་ནས་མཱ་ཤི་ཀ་ཉིད་མངོན། །

Ler em outra tradução

Comparar lado a lado